གོ་ལའི་ཚ་དྲོད་རྒྱས་པའི་གནད་དོན།

གླེང་བརྗོད།

     འཛམ་གླིང་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པའི་དབང་དུ་བཏང་ཚེ།འགྲོ་བ་མིའི་མིའི་རིགས་ནི་འདུས་སྡོད་བྱེད་མཁན་གྱི་ཤ་ཉེ་ལས་མ་འདས།འོན་ཀྱང་བསམ་བློ་སྣ་ཚོགས་ཀྱི་སྐུལ་སློང་སྣ་ཚོགས་ལས་རང་དབང་དང་འདུག་དབང་མི་སྟེར་བ་མ་ཟད།སྔོ་ལྗང་གི་རྩྭ་ཐང་སྲུང་བ་འི་འབྲོག་མོ་ཉམ་ཆུང་དང་མ་མོའི་ལུ་གུ་ཞིག་ལའང་རྩྭ་ཟ་ཆུ་འཐུང་གི་དུས་ཚོད་མི་སྟེར་བའི་དུས་འདིར།གོ་ལ་སྤྱི་ཡངས་ལ་འདྲ་མཉམ་སྨྲ་བ་ UNOགང་དུ་བཞུགས་ཡོད་དམ།ཐ་ན་ཁ་སང་གི་ཆུ་ལོག་དང་དེ་རིང་གི་ས་ཡོམ།སོང་ཉིན་གྱི་མུ་གེ་དང་སེལ་མི་ཐུབ་པའི་ནད་ཡམས་སོགས་ཚན་རིག་པས་མིའི་རིགས་སྟོང་འགྲོ་བའི་སྔོན་དཔགས་བྱེད་པ་སོགས་ནི་འཇིགས་ཡེར་པ་ཞིག་རེད་ལ།ཁ་སང་གི་ཚ་དྲོད་དང་དེ་རིང་གི་ཚ་དྲོད་ནི་ཇེ་ཆེ་ནས་ཇེ་ཆེར་འགྲོ་དུས།བརྒྱ་ཆ་ལྔ་བཅུ་ཡན་གྱི་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་ཆེད་དུ།མིའི་རིགས་སྤྱི་དང་སེམས་ཅན་ཆུང་ངུ་ཙམ་ལའང་བདེ་བ་ཐོབ་པའི་ཆེད་དུ།ངས་བརྩེ་བ་ཞིག་དང་ལྷན་དུ་བདག་དང་རྒྱང་ཐག་གིས་ཆོད་ཅིང་གངས་རི་རྭ་བས་བསྐོར་པའི་བོད་ཁ་བ་ཅན་ལ་གསོལ་བ་འདེབས་ཀྱིན།ཁྱིམ་ཚང་གི་ཞི་བདེ་ལ་གནོད་པའི་ནག་ཅན་པ་དག་སྨྲ་བར་བྱའོ།

དང་པོ། ཁ་སང་གི་བོད་དང་དེ་རིང་གི་སྣེ་མོ་གསུམ་པ།

     གོ་ལ་ཧྲིལ་བོ་གདོད་མའི་ཞི་འཇགས་ཀྱི་འཚོ་བ་ནས་རིམ་བཞིན་མིས་མི་ལ་བརྙེས་ཤིང་མིས་སེམས་ཅན་ལ་བརྙེས་པའི་ལོ་རྒྱུས་ཁྲོད།དམག་དང་ཟིང་འཁྲུག་ལ་དགའ་བ་དག་གིས་སྐུལ་སློང་གིས་རང་ཉིད་རྣམ་པར་རྒྱལ་བའི་འདུན་པ་ཁོ་ནས་འགྲོ་བ་གཉོམ་ཆུང་དག་གི་བདག་དབང་འཕྲོག་པ་ཡིན་ལ།དེ་རིང་སླར་ཡང་དཔལ་འབྱོར་ལ་ཆོག་ཤེས་མེད་པའི་སྐུལ་སློང་ངན་པས་གོ་མཚོན་རྒྱབ་རྩར་ཁྱེར་ནས་མི་དང་རང་བྱུང་གི་ཁམས་ལ་བརྙེས་པའི་ལོ་རྒྱུས་ཤིག་མགོ་ཚུགས་ནས་ཡོད༌།

     བོད་ཀྱི་རྒྱལ་རབས་ཁག་ལས།སྟོད་མངའ་རིས་སྐོར་གསུམ་རྫིང་དང་འདྲ།བར་དབུས་གཙང་རུ་བཞི་ཡུར་པ་འདྲ།སྨད་མདོ་ཁམས་སྒང་དྲུག་ཞིང་དང་འདྲ།ཞེས་བོད་ཀྱི་ས་ཆའི་ཆགས་དབྱིབས་ཕུན་སུམ་ཚོགས་ཤིང༌།བོད་དེ་གནའ་ནས་ས་མཐོ་ཞིང་མཁའ་རླུང་གཙང་བ།སྨན་རྩྭ་མང་བ།གཞན་ཡང་དོམ་དཀར་དང༌།གཡག་སོགས་ཀྱི་སེམས་ཅན་དང༌།འཛམ་གླིང་མི་འབོར་བརྒྱ་ཆ50 ཙམ་ལ་སྤྱོད་མཁོ་ཆེ་བའི་གངས་རིའི་ཆུ་རྒྱུན་ཏེ་ཁ་འབབ་བཞི་དང་རྨ་འབྲུ་རྫ་གསུམ་སོགས་ཡོད་ཅིང༌།བོད་ཀྱི་མེས་པོ་གོང་མ་ཚོས་སྔར་དུས་ནས་བྱམས་སྙིང་རྗེ་དང་འཚེ་མེད་ཀྱི་རང་གཤིས་རྒྱུན་འབྱམས་སུ་གནས་ཡོད།

      ༧གོང་ས་མཆོག་གིས།རྒྱ་མིས་བོད་ཡུལ་བཙན་བཟུང་མ་བྱས་སྔོན་བོད་ཁ་བ་ཅན་གྱི་ལྗོངས་འདིར་ལྟ་ན་སྡུག་ལ།གཙང་ཞིང་ཡིད་དུ་འོང་བ་དང་གཏོར་སྐྱོན་གང་ཡང་བྱུང་མེད་པས་དབེན་པའི་རང་བྱུང་ལྷིང་འཇགས་ཀྱི་གནས་མཆོག་ཅིག་ཡིན།ཞེས་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་གནང་བའི་བླང་དོར་ལམ་སྟོན་ལས་གསུངས་ཡོད་ལ།བོད་ཀྱི་སྡེ་སྲིད་ཕག་མོ་དྲུག་པ་ཞེས་དུས་རབས་བདུན་པའི་སྐབས་ནས་ཁོར་ཡུག་གི་རིན་ཐང་མཁྱེན་ཅིང༌།སེམས་ཅན་བརྩེ་བ་དང་སྙིང་རྗེ་གཟིགས་ཏེ་བདག་མེད་སེམས་ཅན་དང་བྱ་བྱིའུ་སྣ་ཚོགས་རྩྭ་ཐང་དང་ཆུར་གནས་སྲོག་ཆགས་གསོད་མི་ཆོག་པའི་རི་རྒྱ་ཀླུང་རྒྱའི་ཁྲིམས་ཡིག་ཁྱབ་བསྒྲགས་དང་ཤ་སྤོང་ལས་འགུལ་ཤུགས་ཆེར་སྤེལ་ཏེ།རྒྱ་མིས་གཏོར་བཤིག་བཏང་བ་མ་གཏོགས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཏུ་གནས་ཡོད་པ་ནི་ཚོད་དཔགས་ཐུབ་པ་ཞིག་རེད།

      བོད་གཞུང་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་ནས་སྤེལ་བའི་གོ་ལའི་ཚ་དྲོད་རྒྱས་པའི་གནད་དོན་ཞེས་པའི་དེབ་ལས།གནམ་གཤིས་ཚ་དྲོད་ཀྱི་མྱུར་ཚད་ད་ལྟ་ནང་བཞིན་འཕར་ཚེ།རྒྱ་མཚོའི་ཆུ་ངོས་མཐོ་རུ་ཕྱིན་ཏེ་ཕྱི་ལོ་༢༠༥༠ ལོར་ཡས་མས་སུ་གྲོང་ཁྱེར་མང་དག་ཅིག་རྒྱ་མཚོར་ནུབ་པའི་ཉེན་ཁ་ཡོད་ཅེས་གསལ་བ་ལྟར།དེ་ནི་འཁྱག་རོམ་ཡོད་སའི་ལྷོ་སྣེ་དང་བྱང་སྣེའི་དཀའ་ཉོག་ཙམ་མ་ཟད།སྣེ་མོ་གསུམ་པ་སྟེ་ཧི་མ་ལའི་རི་རྒྱུད་དང་འཛམ་གླིང་གི་དཀའ་ཉོག་ཅིག་ཏུ་ཆགས་ཡོད།དེས་ང་ཚོར་ཁོར་ཡུག་གི་གནད་དོན་ལ་བྲེལ་འཚབ་ལང་བའི་གནད་དོན་ཞིག་བསླངས་ཡོད།དེ་ཡང་ངས་བཤད་བཞིན་པའི་གནད་དོན་འདི་ནི་མི་རྣམས་ཀྱིས་ཐོས་་བཞིན་པའི་གོ་ལའི་ཚ་དྲོད་གཅིག་པུ་མིན་པར།ཚ་དྲོད་སོགས་གནད་དོན་འབྱུང་སའི་རྐྱེན་དང་དེ་ལས་གྲོལ་བའི་ཐབས་ཤེས་གང་ཡིན་བརྗོད་རྒྱུ་དེ་ཡིན།

གཉིས་པ། སྣེ་མོ་གསུམ་ལ་གཏོར་བཤིག་ཆེན་པོ་གསུམ་གླེང་བ།

     ཚ་དྲོད་ནི་ཉིན་རེར་མ་བསྡད་པར་འཕེལ་བཞིན་ཡོད་པ་མ་ཟད་མིའི་རིགས་དང་སེམས་ཅན་ཡོད་ཚད་ཀྱི་ཚེ་སྲོག་གི་ཉེ་ས་ན་རྒྱུ་བཞིན་ཡོད་དུས།ཁྱབ་ཆུང་ས་ནས་མི་མང་རང་ངོས་ནས་འབད་བརྩོན་གྱིས་འགྱིག་ཤོག་དང་འགྱིག་ཐུམ།སྨན་རྙིང་པ་སོགས་གང་བྱུང་དུ་ཆུར་གཡུགས་པ་དང་མེར་མི་བསྲེག་པ་བྱེད་དགོས།དེ་ལ་ཚན་རིག་ཉམས་ཞིབ་པས།གོ་ལའི་ཚ་དྲོད་རྒྱས་པའི་གནད་དོན་གྱི་འབྱུང་རྐྱེན་གཙོ་བོ་ཞིག་ནི་དབྱེ་འབྱེད་མ་བྱས་པར་གང་བྱུང་དུ་གཡུགས་པའི་གད་སྙིགས་ལས་ཐོན་པའི་དྲོད་རླུང་དང༌།དེ་དག་མེར་བསྲེགས་བཏང་བའི་སོལ་རླུང་སོགས་ཀྱི་དུ་ངན་ལས་བྱུང༌།ཞེས་གསུངས་ཡོད་པ་ལྟར།འགལ་རྐྱེན་བར་ཆད་མྱུར་དུ་སྔོན་འགོག་ཐུབ་ཕྱིར།དེ་དང་འབྲེལ་བའི་སྲུང་སྐྱོབ་ལས་འགུལ་སྒེར་དང་གཞུང་གི་ཚོགས་པ་ཁ་ཤས་ཀྱིས་གཟི་བརྗིད་ལྡན་པའི་ངང་གནང་གིན་ཡོད་པ་རེད་ལ།དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ཀྱང་ཁོར་ཡུག་གནད་དོན་སྔོན་འགག་གི་ལས་འགུལ་འདི་ཉིད་དོན་ཆེན་དུ་བརྩིས་ཏེ་ལག་ལེན་དང་བཀའ་སློབ་གནང་གི་ཡོད།དཔེར་ན།རྒྱས་སྤྲོས་མ་བྱེད།འདུལ་བ་ལྟར་འཚོ་བ་ངན་ངོན་ཙམ་གྱིས་ཆོག་ཤེས་པར་བྱས་ཏེ་མི་དགོས་པའི་ཡོ་བྱད་སྤོངས༌།ཞེས་དང༌།གྲྭ་བཙུན་གསར་བ་རེ་དགོན་པར་གསར་དུ་སྒྲིག་འཇུག་བྱེད་སྐབས་ལྗོན་ཤིང་རེ་རེ་བཏབས་ཏེ་འཛམ་གླིང་སྲུང་སྐྱོབ་བྱེད་པའི་དམ་བཅའི་ཆ་ཤས་ཤིག་ཏུ་བྱོས།ཞེས་སོགས་གསུངས་ཡོད།དེ་དག་ལ་བརྟེན་ནས་ཕྲན་གྱིས་ཀྱང་སྣེ་མོ་གསུམ་ལ་གཏོར་བཤིག་ཆེན་པོ་གསུམ་ཞེས་པ་འདི་གླེང་གི་ཡིན།

༡༽ས་ཞིང་གསར་བཟོ་བྱས་པས་དབྱང་རླུང་གཏོར་བཤིག
དབྱང་རླུང་ནི་ཚེ་སྲོག་འཚོ་བའི་རྟེན་གཙོ་བོ་ཞིག་ཡིན་ལ་དེ་ཡང་ཁྱབ་ཆེ་ཤོས་ནི་མེ་ཏོག་དང་རྩི་ཤིང༌།ནགས་ཚལ་སོགས་ཀྱིས་མཁོ་འདོན་བྱེད་ཀྱིན་ཡོད་པ་དང༌།དེ་དག་གིས་ཆུ་ལོག་དང་འབག་བཙོག་ཅན་ཀྱི་སོལ་རླུང་ངམ་དབང་གཉིས་ཐྭན་འགྱུར་ཏེ་གནོད་འཚེ་རང་བཞིན་གྱི་རྫས་དེ་དག་རྔུབ་ཀྱིན་ཡོད་པས་རང་བྱུང་གི་འཕྲོད་བསྟེན་ཡག་པོ་སྦྱིན་གྱི་ཡོད།འོན་ཀྱང་རྒྱ་ནག་དང་ཨ་རི་སོགས་རྒྱལ་ཁབ་མང་པོས་ནགས་ཚལ་དང་སྤང་ལྗོངས་སོགས་བཅད་གཏོར་གྱིས་ས་ཞིང་ཚད་ལས་བརྒལ་བ་དང་རང་ཉིད་ཀྱིས་སྤྱད་མི་ཚར་བའི་འབྲུ་རིགས་འདེབས་འཛུགས་བྱས་པ་དང༌།རང་ཉིད་གཅིག་པོ་ལས་འཛམ་གླིང་མིའི་རིགས་དང་སེམས་ཅན་སོགས་ལ་འགན་མི་འཁུར་བའི་བྱ་སྤྱོད་ཀྱི་རྐྱེན་པས་བྱ་དང་རིག་དྭགས་ཀྱི་གནས་ཚང་གཏོར་པ་དང༌།ད་དུང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་ཐལ་དྲག་པའི་གོ་ལའི་ཞི་བདེའི་རང་བཞིན་གཏོར་བཤིག་གཏོང་གི་ཡོད་པ་དཔེར་ན།འབྲས་དང་གྲོ།ཏིལ་སོགས་ལ་ས་ཞིང་གསར་བཟོ་བྱས་ཏེ་སྨན་སྣ་དང་རྫས་སྣ་སོགས་འབོར་ཆེན་བེད་སྦྱོད་བྱས་ཤིང༌།ལུས་དང་རང་བྱུང་ཁམས་ལ་གནོད་པའི་དུག་རྫས་སོགས་ཀྱང་སྤྱོད་བཞིན་ཡོད་པས།ས་དང་ཆུ།མཁའ་རླུང་སོགས་ལ་འབག་བཙོག་བཟོས་ཏེ་སོལ་རླུང་གི་འཕར་ཚད་ཆེ་རུ་སྤེལ་གྱི་ཡོད།བདག་གིས་ས་ཞིང་རྨོ་འདེབས་བྱེད་མི་ཆོག་ཟེ་ར་བ་མིན་ཏེ་རང་སྒེར་གཅིག་པུ་ལས་མིའི་རིགས་དང༌།ཐ་ན་རང་གིས་སྐྱེས་པའི་བྱིས་པ་དང་བུ་རབས་ཚ་རྒྱུད་དག་ལ་མནོ་བསམ་མི་གཏོང་པའི་ཚད་ལས་བརྒལ་བའི་ཞིང་ལས་ཐོན་བསྐྱེད་ལ་བརྗོད་ཀྱི་ཡོད་ཅིང༌།ཨ་ཧྥི་རི་ཁའི་མུ་གེ་དང་འཛམ་གླིང་གི་ཆུ་ལོག་གི་འཇིགས་པ་སོགས་ལ་བསམ་བློ་གཏོང་ཏེ་མིའི་རིགས་ལ་གནོད་པའི་ས་ཞིང་གསར་བཟོ་བྱེད་མི་ཉན་ཟེར་བ་དེ་ཡིན།

༢༽སོལ་རླུང་མཁོ་འདོན་ཆེ་བའི་བཟོ་གྲྭ།
བཟོ་ལས་གསར་བརྗེ་བྱས་པ་ནས་འཛམ་གླིང་གི་མི་རིགས་དང་རྒྱལ་ཁབ་མང་པོས་བཟོ་གྲྭའི་ཁྱབ་སྒོ་ཆེ་རུ་བཏང་སྟེ་དཔལ་འབྱོར་གྱི་འདུ་འགོད་ཁོ་ནར་མགོ་འཁོར་ཞིང༌།དེ་ལ་བརྟེན་ནས་རླངས་འཁོར་དང་འཕྲུལ་ཆས་རིགས་གང་མང་བཏོན་ཏེ་སོལ་རླུང་ཐོན་པའི་རྡོ་སོལ་དང་རྡོ་སྣུམ་གྱི་སྤྱོད་སྒོ་ཆེ་རུ་ཕྱིན་པ་དང༌།བཙོག་ཆུ་རྒྱུག་ཆུའི་ནང་བསྲེས་ཏེ་འཛམ་གླིང་གི་འཐུང་ཆུ་བརྒྱ་ཆ་༥༠ རྩ་མེད་བཟོ་བཞིན་ཡོད་པ་མ་ཟད༌།མིའི་ཀུན་སྤྱོད་དང་སེམས་ཁམས་ལ་གནོད་པ་བྱེད་ཀྱིན་ཡོད།རླངས་འཁོར་གྱི་དུ་བ་དང་གློག་རྡོ་སོལ་སོགས་ཀྱིས་སོལ་རླུང་རྒྱ་ཆེར་གཏོང་བ་ལ་བརྟེན་ནས་གྲོང་ཁྱེར་ཁ་ཤས་ཀྱི་བར་སྣང་དུད་སྤྲིན་གྱིས་ཁྱབ་ཡོད་པ་ད་ལྟ་་རྒྱ་ནག་གི་ས་ཆ་ཁ་ཤས་སུ་ང་ཚོས་དངོས་སུ་མཐོང་རྒྱུ་ཡོད་པ་ལྟར་ཡིན།

༣༽མཐོ་སྒང་གི་རྩྭ་ཐང་གཏོར་བཤིག
རྩོམ་པ་པོ་འོད་ཟེར་ལགས་ཀྱིས།འབྲོག་ལས་ནི་རྩྭ་ཐང་དུ་ལོ་ངོ་སྟོང་ཕྲག་བརྒྱུད་མྱོང་པའི་ད་ཆའི་རྩྭ་ཐང་གི་སྐྱེ་དངོས་གནས་ཚུལ་གྱི་ཆ་ཤས་ཤིག་དང༌།རང་བྱུང་ཁམས་འགྱུར་ལྡོག་གི་གནད་འགག་ཐུག་ས་ཞིག་ཏུ་གྲུབ་ཡོད།ཅེས་དང༌།བོད་ཀྱི་རྩྭ་ཐང་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་དེའི་ཁྲོད་དུ་རྩ་ཆེའི་སྨན་རིགས་དང༌།ཐུན་མིན་བོད་ཀྱི་འབྲོག་པའི་འཚོ་ཐབས་དར་ས་དང༌།མིའི་རིགས་ལ་ཆེས་བླ་མེད་ཀྱི་འཕྲོད་བསྟེན་སྲུང་སྐྱོབ་ཀྱི་ལེགས་སྐྱེས་སྟེར་ས་སོགས་ཡིན།ཞེས་གསུངས་ཡོད་པ་ལྟར་རྩྭ་ཐང་ནི་མཁའ་དབུགས་དང་ཆུ་ཕྲན་གཙང་མར་འབབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།

      ཡིན་ཡང་རྒྱ་ནག་གིས་བོད་མཐོ་སྒང་ཡོངས་སུ་དབང་བསྒྱུར་བྱས་པ་ནས་རྩྭ་ཐང་གི་བདག་མེད་སེམས་ཅན་ཚད་མེད་བསད་པ་དང༌།གཏེར་ཁ་བསྔོག་འདོན་གྱི་ལས་གཞི་རྒྱ་ཆེ་རུ་གཏོང་བ་སོགས་ཚད་མེད་ཀྱི་ཧམ་སེམས་དང་གནོད་པ་ལས།བོད་མཐོ་སྒང་གི་རྩྭ་ཐང་དང་ས་བཅུད་ཤོར་ཞིང་རྩྭ་དང་མེ་ཏོག་སོགས་ཀྱི་སྐྱེ་སྟོབས་ཇེ་ཞན་དུ་སོང་བས་སྤང་ལྗོངས་བྱེ་ཐང་དུ་འགྱུར་བའི་མྱུར་ཚད་ཇེ་མགྱོགས་སུ་འགྲོ་ཚུལ་ཛ་དྲག་ཅན་དུ་འགྱུར་གྱི་ཡོད།དེ་སྔ་འབྲི་ཆུ་དང་རྨ་ཆུ།རྫ་ཆུ་གསུམ་ཀྱི་མགོ་ཁུངས་ཏེ་གཙང་གསུམ་གྱི་མགོ་ཁུངས་ལ་རྒྱ་གཞུང་གིས་ཆུ་རགས་ཆེན་པོ་མང་པོ་བརྒྱབ་པ་དང་སྨན་རྩ་བརྐོ་བ།གཏེར་ཁ་བསྔོག་པ།བཟོ་གྲྭ་བཙུགས་པ།མི་འབོར་མང་དུ་ཕྱིན་པ་སོགས་ཚོད་མེད་ཀྱི་ཀུན་སྤྱོད་ལས་སྔོན་གྱི་ཉམས་དགའ་བའི་རྩྭ་ཐང་དག་མཐོང་ཆོས་སུ་འགྱུར་རྒྱུ་མེད་པ་བྱས་ཡོད།དེར་བརྟེན་བོད་མཐོ་སྒང་ལ་སོལ་རླུང་འགོག་པའི་ནུས་པ་ཉམས་པ་དང་གནམ་གཤིས་དྲོད་ཚད་ཆེ་རུ་ཕྱིན་པ་སོགས་ཀྱིས་གངས་རི་དང་འཁྱག་རོམ་ཞུ་བའི་གནས་ཚུལ་ཚབ་ཆེ་རུ་འགྲོ་གི་ཡོད།

གསུམ་པ། ང་ཚོ་བདེ་སྐྱིད་ངང་འཚོ་འདོད་དམ།

      ང་ཚོས་ཆེས་རིང་བའི་ཕུགས་བསམ་གྱི་བདེ་སྐྱིད་ལ་སྙེག་འདོད་ན་ང་ཚོ་གནས་ཤིང་འཚོ་བའི་གོ་ལ་འདི་ཉིད་ཀྱི་སྐྱེ་ཁམས་རེ་རེ་ལ་ཉམས་འཇོག་དགོས་ཤིང༌།སྐྱེ་ཁམས་ཁོར་ཡུག་གི་གྲུབ་ཆར་གནོད་པའི་བྱ་སྤྱོད་དག་ཡོངས་སུ་སྤོང་དགོས།དེ་ལྟར་སྤོང་བ་ལ་འཛམ་གླིང་མི་མང་ཡོངས་ཀྱིས་རྒྱབ་སྐྱོར་དང་ཁོར་ཡུག་གི་གནད་དོན་ཧ་གོ་བའི་ཐོག་ནས་ལས་འགུལ་མི་ཉུང་བ་བརྩམས་ཏེ་འཛམ་གླིང་གི་རྒྱལ་ཁབ་ཁག་གི་བཟོ་གྲྭ་དང་རྡོ་སྣུམ།རྡོ་སོལ་བེད་སྤྱོད་ལ་ཚད་བཀག་དང༌།ཆེས་མང་ན་རྒྱལ་ཁབ་རེ་ལ་བཟོ་གྲྭ་བཅུ་ཡས་མས་རེ་གཏན་འབེབས་བྱེད་པ།བཟོ་གྲྭའི་ཆེ་ཆུང་ལ་ཚད་བཀག་བྱེད་པ།སོལ་རླུང་མི་ཐོན་པའི་ཉི་འོད་དང་རླུང་སྣུམ་སོགས་ཀྱི་བེད་སྤྱོད་ཆེ་རུ་གཏོང་དགོས་པ་སོགས་ཡིན།འདི་ལྟར་བྱས་ན་མ་འོངས་པའི་མི་ལོ་ཉི་ཤུ་དང་སུམ་བཅུའི་རྗེས་ལ་སོལ་རླུང་གི་འདུ་ཚད་ཉུང་རུ་ཕྱིན་ཏེ་གོ་ལའི་ཚ་དྲོད་ཀྱི་གནས་ཚད་དམའ་རུ་འགྲོ་བར་ཚད་རིག་པ་ཚོས་ཐག་གཅོད་བྱས་ཡོད་པས།དེ་ལྟར་ལག་ལེན་དུ་བསྟར་བར་འབད་བརྩོན་བྱེད་དགོས།ཉེ་ཆར་ལ་དྭགས་ཁོར་ཡུག་ཚོགས་པས་ལྟ་ཞིབ་བྱས་པའི་ནང།ལ་དྭགས་ཀྱི་ས་ཁུལ་ཁ་ཤས་ལ་ཉི་འོད་ནུས་པའི་ཐབ་དང་གློག་གི་སྤྱོད་སྒོ་མང་པོ་བྱུང་པས།གནམ་གཤིས་འགྱུར་ལྡོག་ཇེ་ལེགས་སུ་སོང་པའི་སྐོར་བཤད་ཡོད།དེ་བཞིན་མི་མང་རེ་རེ་ནས་དེ་ལྟའི་དོ་སྣང་དང་མཉམ་ལས་སོགས་བྱ་ཐུབ་ན་མ་འོངས་པའི་ང་ཚོའི་བདེ་སྐྱིད་ནི་བདེ་ཐང་དང་ལྡན་པའི་བདེ་སྐྱིད་ཅིག་ཏུ་ངོས་འཛིན་ཆོག་པ་དེའོ།

      བོད་མི་རིགས་ལ་མཚོན་ན་སྔོན་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དང་ལྟ་ཚུལ་ཤུགས་ཆེར་ལྡན་པའི་མི་རིགས་ཤིག་ཡིན་པ་དང༌།དགེ་སྡུག་གི་བླང་དོར་གསལ་པོ་ཕྱེས་པའི་ཆོས་ལུགས་རིག་གཞུང་སོགས་ཡོད་པའི་མི་རིགས་ཤིག་ཡིན་པས།སྐྱེ་ཁམས་ཁོར་ཡུག་ལ་བླ་མེད་ཀྱི་ཞབས་ཞུ་གང་ལེགས་ཕུལ་ཡོད་ཅིང༌།ད་ལྟའང་༧གོང་ས་མཆོག་གཙོས་བླ་སྤྲུལ་ཚོས་སྣེ་ཁྲིད་དེ་ཁོར་ཡུག་གི་སྐྱེ་ཁམས་ལ་ཞབས་ཞུ་གང་ལེགས་ཞུ་བཞིན་ཡོད།

གཡུ་སྒྲོན།ས་རྭ།


« Home Page



Support TEAM | Links | Contact Us | © 2006 Tesi Environmental Awareness Movement (TEAM)